User:Amdobu

From Wikipedia, the free encyclopedia
 མཛོད་དགེ་གླིང་བའི་ལོ་རྒྱུས།  

[1] གླིང་བ་ཚོ་བའི་ཤར་ཨ་སྐྱིད་དང་། ལྷོ་སྟོད་མ། ནུབ་ཐང་སྐོར། བྱང་གདོང་སྣ་བཅས་སུ་ས་འདབས་འདྲེས། གླིང་བ་འདི་ཕལ་ཆེར་མཛོད་དགེའི་དཀྱིལ་དབུས་ལྟ་བུར་གནས་པར་སྣང་། གླིང་བ་སྟོད་སྨང་བར་གསུམ་བསྡོམས་པས་དུད་ཁྱིམ་༤༠༠ལྷག་ཡོད། མཛོད་དགེ་སྤྱི་ཡོངས་ཀྱི་དཔོན་རྒྱུད་དང་མི་རྒྱུད་མང་པོ་ཞིག་མངའ་བདག་ཁྲི་རལ་གྱི་བློན་པོ་དགའ་ཡེ་ཤེས་དར་རྒྱས་ལ་གཏུགས་ཀྱིན་ཡོད་སྟབས། མཛོད་དགེ་སྤྱིའི་ལོ་རྒྱུས་ཀྱི་གཞུང་ཤིང་དུ་དེ་ཉིད་བཤད་ཟིན་པས་མཛོད་དགེའི་རིགས་ཅན་གྱི་སྡེ་ཚོ་རེ་རེའི་མགོར་རྒྱས་པར་མཆད་འོས་མི་ཆེ་ཡང་། བྱུང་རིམ་སྟབས་འབྲེལ་གྱི་དབང་གིས་གང་ལས་བྱུང་བའི་ཁུངས་ཟུར་ཙམ་རེ་བང་བསྒྲིག་དགོས་པའང་གལ་ཆེན་དུ་མཐོང་། དེས་སྤྱི་ལོའི་དུས་རབས་དགུ་བའི་ནང་བོད་ཀྱི་རྒྱལ་ཐོག་དང་པོ་གཉའ་ཁྲིའི་གདུང་རྒྱུད་དགའ་ཡེ་ཤེས་དར་རྒྱས་བྱ་བ་དཔྱ་ཁྲལ་བསྡུ་ཕྱིར་མདོ་སྨད་དུ་མངགས་པ་རྨ་ཆུང་དང་རྨི་ཆུ། སྐ་ཆུ་གསུམ་འཛོམས་པའི་འདུས་མདོ་ལྟ་བུའི་ད་ལྟའི་མཛོད་དགེའི་འབྲོག་ཐང་གི་ཡུལ་འདིར་གནས་གཞི་བཟུང་བར་ཡུལ་མིའི་དཔོན་དུ་བཀུར་ཅིང་། ཁྱིམ་ཐབ་བསུས་པ་ལ་བུ་ལྔ་བྱུང་། བུ་ཆེ་བས་ཡབ་ཀྱི་དཔོན་ས་བཟུང་། དེའི་རྒྱུད་པ་ཕྱི་མ་་ཞིག་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་སྦྱང་ཐུལ་དང་། དངོ་ཐུལ་ཞེས་པའི་བུ་གཉིས་བྱུང་བས་ཅོ་ནེའི་ཡུལ་བཟུང་། གཉའ་ཁྲིའི་རྒྱུད་པ་དེ་སྤྱི་ལོའི་དུས་རབས་༡༧་པའི་ནང་དཔོན་བློ་གྲོས་བཟང་བྱ་བ་ཞིག་བྱུང་། འདི་པན་ཆེན་བློ་བཟང་ཆོས་རྒྱན་གྱི་སྐུ་ཚེའི་སྨད་དུ་མཇལ་ནས་སྐུ་ཚབ་ཀྱི་བླ་མ་ཞིག་བསླངས་པ་ལ་སྐུ་མདུན་པ་སངས་རྒྱས་བཟང་བོ་བྱ་བ་གནང་ནས་གཙང་བླ་རིམ་གཏོང་མཛད་པ་ཡིན་ནོ། འབོས་དཔོན་པོ་དང་། གླིང་བའི་དཔོན་པོ། བཞག་ལྡོམ་དཔོན་པོ། མཛོད་དགེ་དཔོན་པོ། སྨད་ཀྱི་ཆུ་འབྲུག་སྤྱི་ལོ་༡༧༡༢་ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་གདན་དྲངས་ཏེ་རྟ་དང་རྒོད་མ་བརྒྱ་ཕྲག་དུ་མ་ཕུལ། དཔོན་པོའི་རིགས་རྒྱུད་ཀྱི་དོན་དུ་ཀུན་མཁྱེན་བླ་མས་བུམ་གཏེར་མཛད་པས་ཕྱིས་རིགས་རྒྱུད་ཤིན་ཏུ་འཕེལ་བར་བཤད། དེའི་བུ་ཆེ་བ་འབྲུག་ཐར་བྱ་བས་རྨ་རྨེ་འདྲེས་མཚམས་སུ་གཞིས་བཟུང་། འདི་མདའ་རྩལ་ཤིན་ཏུ་ཆེ་ཞིང་ལོ་ངོ་བརྒྱ་ལྷག་ལ་བསྡད་པས་དེ་སྐབས་དགྲ་ཇག་གི་གནོད་པ་གཏན་མ་བྱུང་གྲགས། འདི་ལ་བུ་བདུན་བྱུང་རྣམས་མཉམ་རུབ་ཀྱིས་གསེར་གྱིས་གསེར་དངུལ་སྤེལ་མའི་དཀའ་འགྱུར་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་བཞེངས། བུ་ཆེ་བ་བློ་བཟང་དར་རྒྱས་ཁམས་སྡེ་དགེར་ཡང་ཡང་སོང་སྟེ་སྡེ་དགེའི་དཔོན་ཁག་ལ་འདྲིས་ཆ་ཆེ་ཞིང་། ཐོག་མའི་མི་རྒྱུད་ཀྱི་དབང་གིས་ཅོ་ནེ་དཔོན་པོ་དང་ཕུ་ནུ་བསྒྲིགས། མཛོད་དགེ་དཔོན་མགོ་གཞན་པ་ཚེ་བརྟན་བཟང་བོ་བྱ་བས་ཆེན་ཆུན་གཉིས་བསུས་པའི་ཆེན་མ་ལ་བུ་ལ་བུ་ཆེ་བ་མཛོད་དགེ་བློ་བཟང་དར་རྒྱས་སམ་མཛོད་དགེ་ཨ་བུར་གྲགས་པ་དེ་ཡིན་ལ། འབྲིང་བ་ཨ་རྣམ། ཆུང་བ་ཨ་དོན་ཏེ་གསུམ་བྱུང་ནས། འདི་དག་གི་རྒྱུད་པ་ད་ལྟ་འི་ཚོ་གོར་ཁ་ཞེས་པའི་སྡེ་ཚོ་དེ་ཡིན་འདུག ཆུན་མ་ཧོ་བཟའ་ལ་བུ་ཆེ་བ་གཟུངས་ཕྱུག་རྒྱལ་དང་། འབྲིང་བ་ཚུལ་ཁྲིམས། ཆུང་བ་བན་དེ་སྒོམ་གསུམ་བྱུང་ཞིང་དེ་དག་གི་རྒྱུད་པ་ད་ལྟའང་ཡོད་སྐད། དཔོན་རབ་བརྟན་གྱི་བུ་ཆེ་བ་ཨ་འབྲུག་གི་ཆུན་མ་ཧོ་བཟའ་ལ་བུ་གསུམ་བྱུང་བའི་རྒྱུད་པ་ལ་ཧོ་བཟའི་བུ་རྒྱུད་དུ་གྲགས། འདི་དག་ནི་འདི་དག་ཀུན་མཁྱེན་བླ་མའི་སྦྱིན་བདག་གི་གཙོ་བོ་ཡིན་སྟབས། རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་སྟེ་སྤྱི་ལོ་༡༧༦༠ལོར་ཧོ་བཟའི་བུ་ཚུལ་ཁྲིམས་ཤི་བའི་གཤིན་སྔས་སུ་ཀུན་མཁྱེན་འཇིགས་མེད་དབང་བོ་ཕེབས། རྟ་རྒོད་མ་༡༠༠་དང་དངུལ་སྲང་༣༠༠ཕུལ། དེ་ནས་བཟུང་མཆོད་ཡོན་གྱི་འབྲེལ་ལམ་ཟབ་སྟེ་མཛོད་དགེ་ཨ་མ་ཚང་ཞེས་ཐུགས་མཉེས་པ་ཁོ་ན་མཛད། རབ་བྱུང་བཅུ་དྲུག་པའི་མེ་བྱ་སྟེ་སྤྱི་ལོ་༡༧༧༧ལོར་ཀུན་མཁྱེན་འཇིགས་མེད་དབང་བོས་ཨ་མ་ཚང་གི་རྩར་རྟ་༡༠༠དང་། རྟ་རྫི་གཉིས་བཞག རྟ་རྫི་གཉིས་ཀྱིས་ཁྲིམ་གཞིས་རེ་བཟུང་བའི་སྟེང་དུ། ཤར་བ་རྣམ་རྒྱལ་ཚང་། ཨ་ཝོ་བྱམས་པ་ཚང་སོགས་ཀྱི་མི་ཁྱིམ་ཉི་ཤུ་ཙམ་འདུས། དེའི་སྟེང་དུ་བསང་ཁོ་ཚེ་གཉིས་ནས་དུད་ཁྱིམ་ཉི་ཤུ་བསྣན་པས་རི་སྡེ་ཇེ་མང་ལ་སོང་། གླིང་བའི་དཔོན་པོ་ལྷ་རྒོད་དང་། མགོན་ཚེ། བསོད་ནམས་གསུམ་ལ་བཅོལ་དན་མཛད་ནས་དངུལ་རྭའི་སར་གཞི་འཛིན་དུ་བཅུག་པས། ད་ལྟའི་དངུལ་རྭ་ལྷ་སྡེ་ཞེས་བྱང་ཉི་མ་བླ་བྲང་ཚང་གི་སྦྱིན་བདག་གི་གཙོ་བོ་འདི་བྱུང་བ་ཡིན། གླིང་བའི་དཔོན་པོ་དབང་རྒྱལ་གྱི་དུས་སུ་རི་སྡེ་ནང་བཤིག ཨ་བུའི་བུ་གསུམ་པ་ཕྱག་རྡོར་སྐྱབས་ཀྱི་བུ་འགྱུར་མེད་ཀྱི་བྱ་བྱེད་ལ་བརྟེན་ནས། རབ་བྱུང་བཅུ་བཞི་བའི་ཆུ་འབྲུག་སྟེ་སྤྱི་ལོ་༡༨༣༢ལོར་བྱམས་མེ་དང་བཞག་ལྡོམ་གཉིས་ཀྱིས་གླིང་བའི་དབང་རྒྱལ་ལ་རྒྱབ་རོགས་བྱས་ཤིང་། འགྱུར་མེད་ཀྱི་དཔུང་དངུལ་རྭས་མནན་ཀྱང་གླིང་བས་འགྱུར་མེད་ཀྱི་རུ་གཏོར་ནས་ཉིན་མ་རུ་གཞི་བཟུང་། མཛོད་དགེ་གླིང་བས་གཡུལ་གྱིས་བསྐྲད་པའི་རུ་སྡེ་ཡིན་སྟབས་མཛོད་དགེ་ཉིན་མར་འབོད་སྐད། རབ་བྱུང་བཅུ་བཞི་བའི་ཆུ་སྦྲེལ་ཏེ་སྤྱི་ལོ་༡༨༣༣ལོའི་ཧོར་ཟླ་༤་བར་མི་ཤི་རྟ་འགྱེལ་གྱི་ཆག་སྒོ་འབྱུང་བཞིན་པའི་གླིང་བའི་ནང་འཁྲུག་ཟླུམ་ཕྱིར། བླ་བྲང་ཕྱག་མཛོད་མཁན་པོའི་གསུང་བཀོད་ལྟར་སྟག་ཚང་ལྷ་མོའི་ཀིརྟི་ནས་ཆོད་ཡིག་བཞག དཔོན་རབ་བརྟན་གྱི་བུ་གཉིས་པ་ལྕགས་རྒྱལ་གྱི་རུ་ནང་དུ་ཐེ་བོ་བུམ་པའི་དུད་ཁྱིམ་མང་བས་བུམ་སྐོར་ཐོགས་ཟེར། དེའི་འོག་མ་ཨ་སྙིང་གི་རྒྱུད་པའང་ཡོད་རབ། དེའི་འོག་མ་ཨ་ཀླུམ་ཕ་ཁྱིམ་དུ་བསྡད་ནས་མདའ་དམར་གཞུང་གི་ས་བཟུང་། དེའི་རྒྱུད་པ་གྱེས་པ་ལས་ཕྱི་ར་སྟོད་སྨད་བར་གསུམ་དང་། ཧུ་ར་སྟོད་སྨད་བར་གསུམ་བྱུང་བར་གྲགས་སོ། ཨ་ཀླུམ་གྱི་བུ་འབྲིང་བ་ཨ་བཀྲ་ཧུ་ར་སྟོད་མའི་དཔོན་པོ་བྱས་ཤིང་། དེའི་རྒྱུད་པ་གྱེས་པ་ཧུ་ར་སྨད་མའི་དཔོན་ཚང་ལ་དཔོན་སྦྲ་རྒན་ཚང་ཟེར་སྐད། བུ་ཆུང་བའི་རྒྱུད་དུ་རྭ་བོང་དགོན་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་འདེབས་མཁན་སེང་གེའི་བླ་མ་བྱ་བ་བྱུང་ཞིང་། དཔོན་དཔལ་མགོན་ལ་བུ་མོ་སྒྲོལ་མ་འཚོ་ལས་བུ་མ་བྱུང་སྟབས། བཞག་ལྡོམ་དཔོན་ཚང་གི་བུ་སྐར་མ་བྱ་བ་མག་པར་བསུས། སྤྱི་ལོ་༡༩༥༨་ལོར་སྐར་མ་དང་བསོད་ནམས་གཉིས་ཀྱིས་རྒྱ་གཞུང་གིས་བོད་ལ་བྱེད་བབ་ཁས་མ་བླངས་པར་འགོག་རྒོལ་གཡུལ་འཐབས་བྱེད་ཀྱིན་ཡུལ་བྱོལ་ལྟ་བུར་བསྡད་པསབསོད་ནམས་གཡུལ་སར་བཀྲོངས་ཤིང་། སྐར་མ་རྒྱ་ལག་ཏུ་ཐེནས་ཏེ་སྲོག་ཆད་བཅད། དེའི་རྒྱུད་པ་ནམ་ཁོ་བྱ་བ་ཆུ་ནག་ཕྱུགས་རྭར་གནས་ཤིང་། ཡུལ་མིའི་སྔར་གྱི་དཔོན་པོ་ལྟ་བུར་རྩི་བཞིན་ཡོད་འདུག ཧུ་རྭ་སྟོད་མའི་དཔོན་ཨ་བཀྲ་འདས་པའི་གཤིན་སྔས་སུ་ཁྲི་ཆེན་རྒྱལ་མཚན་སེང་གེ་གདན་དྲངས་པ་ནས་མཆོད་ཡོན་དུ་གྱུར་ཅིང་། ཕྱིས་དགོན་ས་ཕུལ་བ་སོགས་ཕན་ཚུན་ནང་མའི་མཐུན་ལམ་ཟབ་པར་བཤད། ཨ་བཀྲའི་བུ་དཔལ་མགོན་ནི་རྒྱ་གཞུང་གིས་རྒྱ་ཁོིག་ཏུ་ཁྲིད་ནས་རིག་གནས་ལ་སྦྱངས་ཤིང་། ཕྱིར་འཁོར་ནས་དཔོན་ས་བཟུང་། འདི་པན་ཆེན་རིན་པོ་ཆེར་མཇལ་སྐབས་ཤེལ་གྱི་རལ་གྲི་ཁྲུ་གང་ཞིག་ཅན་ཞིག་གནང་བར་བཤད། པན་ཆེན་དཔལ་ལྡན་ཡེ་ཤེས་རྒྱ་ཕེབས་ཀྱི་སྐབས་སུ་མཛོད་དགེ་གླིང་བའི་ས་གནད་ཅིག་ཏུ་དགོན་པ་བཏབ་ན་ལེགས་ཚུལ་གྱི་ལུང་བསྟན་དང་། གཞན་དུ་བཤད་ཟིན་པས་འདིར་བསྐྱར་ཟློས་བྱ་རྒྱུ་མིན་ལ། དཔལ་མགོན་གྱི་བུ་མཛོད་ལྷས་སྔར་གྱི་ཆོས་འབྲེལ་ལ་གཞིགས་ནས་ཆོས་རྗེ་ར་བ་གདན་དྲངས། རུ་སྡེའི་ཆེད་དུ་གསེར་སྐས་ཞེས་པའི་སར་ལབ་ཙེ་བསྟད་ཅིང་། རྐུན་ཇག་ལ་མནན་བརྒྱབ་པ་སོགས་ཀྱི་ཡོན་དུ་རྟ་རྒོད་མ་༨༠ཕུལ་ཟེར། སྦྱིན་བདག་གནད་ཅན་གྱུར་བ་ལ་བརྟེན་ནས་ཆོས་སྒར་དུ་གླིང་བའི་དཔོན་ཁག་ལ་གདན་ཐོབ་དང་། ཆོ་འཕྲུལ་སྨོན་ལམ་སོགས་ཀྱི་སྐབས་སུ་གླིང་བར་སྡོད་གནས་དམིགས་བསལ་བ་ཡོད་པར་གླེང་། མཛོད་དགེ་ལྷའི་བུ་ཨ་བཀྲ་རང་ལོ་བཅུ་གསུམ་སྟེང་དངུལ་རྭ་ལྷ་སྡེའི་སྟེང་དམག་དྲངས་ཏེ། ལྷ་སྡེའི་མགོ་བ་སྨུག་རིས་བསད་པ་ལྟ་བུ་དང་། འབོས་དང་ཟམ་ཚྭའི་དཔུང་མཉམ་སྡེབས་ཀྱིས་ཧུ་ར་སྟོད་མར་འཐབ་སྐབས། ཨ་བཀྲའི་དམག་ཇུས་བཟང་བས་གཡུལ་ལས་རྒྱལ་བ་དང་། ཁྲོ་ཁོ་དབལ་པན་ཚང་དང་འཐབ་སྐབས་སྟག་སྨྱོན་རྡོ་རིལ་བསད་པ་སོགས་ཀྱིས། དཔའ་དང་དམག་ཇུས་ཀྱི་གྲགས་པ་རྒྱས་པར་བཤད། དཔོན་ཨ་བཀྲས་ཁཱ་བཟའ་ཞིག་བླངས་པ་ལ་རིགས་རྒྱུད་མ་བྱུང་ཡང་། ཐང་བཟའ་ཞིག་བླངས་པའི་བུ་མཛོད་ཚེ་ཡིན། འདིས་ཀིརྟི་བློ་བཟང་འཕྲིན་ལས་གདན་དྲངས་ནས་ཕོ་རོག་གདོང་ཞེས་པའི་སར་གླིང་བ་སྤྱི་ལ་དུས་འཁོར་དབང་ཆེན་གནང་། རྟ་དངུལ་སོགས་འབུལ་ཆེ་བཏེགས། བཞུགས་ཁྲིའི་ཤུལ་དུ་མཆོད་རྟེན་བརྩིགས་པ་སོགས་བྱས། མཛོད་ཚེས་ཨ་སྐྱིད་བཟའ་ཞིག་དང་། བཞག་བཟའ་ཞིག་བླངས་ཀྱང་དེ་གཉིས་ལ་རྒྱུད་པ་མ་བྱུང་ནས། སྟོད་མའི་དཔོན་པོི་རྟ་མགྲིན་མགོན་པོའི་བུ་མཛོད་བྱང་བུ་སྐལ་དུ་བླངས། དེས་བྱམས་བཟའ་བཀྲ་ཤིས་སྐྱིད་བླངས་པ་ལ་བུ་མཁན་པ་ཐར་དང་། བུ་མོ་རྟ་མགྲིན་སྐྱིད་དང་བོད་སྐྱེས་བཅས་མིང་སྲིང་གསུམ་བྱུང་། དཔོན་མཛོད་ཚེས་དཔོན་ས་བུ་དོད་མཛོད་བྱང་ལ་སྤྲད། འདིས་དཔོན་ས་བཟུང་ནས་ཅང་མ་འགོར་བར་རྒྱ་མི་དམར་བོ་བོད་ཡུལ་ཏུ་འཛུལ། རྒྱ་དང་མཐུན་ལམ་གང་གཟབ་གང་ལེགས་བྱས་ཀྱང་། སྤྱི་ལོ་༡༩༥༨ལོ་ནས་བཙོན་ཁང་དུ་ལོ་ངོ་གཅིག་ཙམ་སྡད་ཟེར། བཙོན་གྲོལ་ཐོབ་ནས་མཛོད་དགེ་རྫོང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི་དང་། དེ་ནས་རྔ་བ་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་སུ་སླེབས་ནས་ལོ་ངོ་གསུམ་གྱི་རྗེས་སུ་འདས་གྲོངས་སུ་ཕྱིན། མཛོད་བྱང་གི་བུ་མཁན་པ་ཐར་ནི་རབ་རྒྱལ་ས་ཁྱི་སྟེ་སྤྱི་ལོ་༡༩༥༨ལོའི་དུས་འགྱུར་གྱི་རྗེས་སུ། འབྲོག་ཁུལ་དུ་རྒྱ་དམག་གི་རྟ་ལུག་གསོ་གཉེར་བྱེད་མཁན་མི་ཁྱིམ་མང་པོ་བསྡུས་པའི་གྲས་སུ་ཚུད། བྱམས་མེ་དཔོན་བླའི་ཚ་མོ་བསོད་ནམས་སྒྲོལ་མ་ཆུང་མར་བསུས། ཁོས་རྒྱ་དམར་བོད་དུ་སླེབས་ནས་ལོ་ངོ་༢༣རིང་ཕྱུགས་རའི་མགོ་བ་ལྟ་བུ་བྱས། གུང་ཁྲན་ཏང་ནང་ལ་ཞུགས། ཕྱུགས་རའི་ཏང་དཔོན་གཞོན་པའི་གོ་གནས་ཐོབ། ཕྱིས་མཛོད་དགེ་རྫོང་སྐབས་དགུ་བའི་དམངས་འཐུས་སུའང་སླེབས། རྒྱ་བོད་གཉིས་ཀྱི་བར་ནས་ས་གནས་སློབ་གསོ་སོགས་ལ་ཕན་ཐོགས་རབས་ཟེར། མདོ་སྨད་ཆོས་འབྱུང་དུ།17 ཧུར་བར་མའི་རྒྱུད་དུ་ཀིརྟི་མཆོག་སྤྲུལ་ཐུབ་བསྟན་ཉི་མ་འཁྲུངས། ཞེས་གསུངས་པའི་ཧུ་ར་བར་མ་ནི། དཔོན་ཨ་ཀླུམ་གྱི་རྒྱུད་པ་ཞིག་གིས་ཧུ་ར་སྟོད་སྨད་གཉིས་ཀྱི་བར་ནས་གཞི་བཟུང་ནས་བྱུང་བར་བཤད་ཅིང་། ཧུ་ར་བར་མའི་དཔོན་བར་འཇིགས་དང་། དེའི་བུ་མོ་ཚེ་རིང་སྒྲོལ་མའི་མག་པ་བར་འཇམ་སོགས་ཀྱིས་སྡེ་ནང་དུ་མནི་དང། སྨྱུང་གནས་སོགས་ཀྱི་སྲོལ་བཟང་བོ་སྐྱངས་བར་བཤད། དེའི་བུ་བར་ཚེའི་སྐབས་རྒྱ་དམར་བོད་དུ་འཚང་འཛུལ་བྱས་ཤིང་། དཔོན་བར་ཚེ་ཉེས་ཅན་དུ་བགྲངས་ནས་སྲོག་ཆད་བཅད། དེའི་སྤུན་དཔལ་རྒོད་ཀྱི་བུ་པན་ཆེན་སྐྱབས། དེས་རྒྱ་དང་མཐུན་ལམ་གང་ལེགས་གཉེར་ཏེ་ས་གནས་སུ་ལས་དོན་མང་པོ་བསྒྲུབས་ཟེར་རོ།

  1. ^ མདོ་སྨད་ལོ་རྒྱུས་ཆེན་མོ་ལས། ་